རྒྱབ་ལྗོངས།
དུས་རབས་ཉི་ཤུ་པའི་བོད་ཀྱི་གྲགས་ཅན་གྱི་བླ་མ་དང་། སྨན་པ། ལྷ་བྲིས་པ། གནའ་བོའི་རྒྱ་གར་གྱི་ནང་པའི་རིག་གཞུང་གི་ཁྲིད་རྒྱུན་རྣམས་དང་ལྷ་བྲིས། སྨན་གཞུང་གི་སྲོལ་རྒྱུན་བཅས་དེང་རབས་ཀྱི་དུས་སུ་རྒྱུན་འཁྱོངས་བྱས་ཡོད་པ་ནི་ཁྱད་དུ་འཕགས་པའི་བྱ་གཞག་ཅིག་རེད།
དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་གྱི་རྒྱ་གར་གནའ་བོའི་གལ་ཆེའི་རྩོམ་རིགས་རྣམས་བོད་སྐད་དུ་བསྒྱུར་བ་དང་། དེ་དག་དང་འབྲེལ་བའི་ཁྲིད་རྒྱུན། གནའ་བོའི་བཟོ་རིག་སྒྱུ་རྩལ་བཅས་ཕྱི་ལོ་སྟོང་ཕྲག་དང་པོའི་འགོ་སྟོད་ཀྱི་བརྒྱ་ཕྲག་ལ་དར་བ་རྣམས་རྒྱ་གར་གྱི་མཁས་དབང་དང་སྨན་པ། ལྷ་བྲིས་པ་རྣམས་ཀྱིས་བོད་ཀྱི་མཁས་དབང་དང་སྨན་པ། ལྷ་བྲིས་པ་རྣམས་ལ་རྩིས་སྤྲོད་བྱས་ཡོད། ཤིན་ཏུ་ཟབ་ལ་རྒྱ་ཆེ་བའི་སྲོལ་རྒྱུན་འདི་ནི་རྒྱ་གར་དུ་དུས་རབས་བཅུ་བཞི་པ་ནས་བཟུང་ཕལ་ཆེར་རྩ་བརླག་ཏུ་ཕྱིན་ཡོད་ཀྱང་། བོད་དང་ཧི་མ་ལ་ཡའི་མངའ་ཁུལ་ཁྲོད་དུ་གནའ་བོའི་རིག་གཞུང་ལ་མཁས་པའི་མཁས་དབང་རྣམས་ཀྱིས་དུས་ད་ལྟ་བར་དུ་མ་ཉམས་རྒྱུན་འཛིན་དང་ཡར་རྒྱས་གོང་འཕེལ་བཏང་ཐུབ་ཡོད།
གནའ་བོའི་བོད་དང་རྒྱ་གར་སྤྱི་ཚོགས་ནང་དུ་ལྟ་གྲུབ་དང་བཟོ་རིག་སྒྱུ་རྩལ་གྱི་ཤེས་ཡོན་ནི། དགེ་རྒན་གྱིས་དགེ་ཕྲུག་ལ་གཞུང་ཆེན་རྣམས་ངག་ཐོག་ནས་འགྲེལ་བ་གནང་སྟེ་མི་རབས་ནས་མི་རབས་བར་གཅིག་གིས་གཅིག་ལ་བརྒྱུད་སྤྲོད་བྱེད་ཀྱིས་ཡོད། བོད་ཀྱི་འཚོ་བཞིན་པའི་རིག་གཞུང་གི་སྙིང་པོར་གྱུར་བའི་ངག་རྒྱུན་ནང་དུ་ཡོད་པའི་ཁྲིད་རྒྱུན་འདི་དག་ནི་ལོ་སྟོང་ཕྲག་གཉིས་ཙམ་གྱི་རིང་ལ་ཟམ་མ་ཆད་པར་གཅིག་ནས་གཅིག་ལ་བརྒྱུད་སྤྲོད་བྱས་ཏེ་མ་ཉམས་རྒྱུན་འཛིན་བྱེད་ཐུབ་ཡོད།
༡༩༨༣ ལོ་ནས་བཟུང་། གཞི་རྩའི་ཚོགས་པ་འདིས་བོད་ཀྱི་ཉམས་ཆག་ཏུ་འགྲོ་བཞིན་པའི་རིག་གཞུང་གི་ཤུལ་བཞག་ཉར་ཚགས་བྱ་རྒྱུའི་ཆེད་དུ། བོད་ཀྱི་བླ་མ་རྒན་གྲས་དང་། མཁས་དབང་། སྨན་པ། སྒྱུ་རྩལ་བ་བཅས་དང་མཉམ་འབྲེལ་ཐོག་ལས་དོན་སྒྲུབ་བཞིན་ཡོད། མཉམ་ལས་འདིའི་དམིགས་ཡུལ་གཙོ་བོ་ནི་གཞུང་ལུགས་ཆེན་མོའི་བརྩམས་ཆོས་དང་དབྱེར་མེད་དུ་འབྲེལ་བའི་ད་ལྟ་གསོན་པོར་གནས་པའི་ངག་རྒྱུན་གྱི་འགྲེལ་བ་དང་སྒྱུ་རྩལ་གྱི་སྲོལ་རྒྱུན་ཁག་ལ་དམིགས་འཛུགས་བྱ་རྒྱུ་དེ་ཡིན། དེའི་འབྲས་བུར་གཤམ་གསལ་གྱི་ཡིག་ཆའི་དཔེ་ཚོགས་འདི་དག་གསར་བསྐྲུན་བྱས་ཡོད།
༡༽རྒྱ་གར་དང་བོད་ཀྱི་གནའ་བོའི་གཞུང་ཆེན་གྱི་དཔེ་དེབ་རྣམས་ལ་ཚིག་རྐང་རེ་རེ་ནས་འགྲེལ་བཤད་རྒྱས་པར་བརྒྱབ་ཡོད་པའི་འཛམ་གླིང་འདི་ཡི་ཕྱོགས་བཏུས་རྒྱས་ཤོས་ཡིན། དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་བརྒྱུད་འཛིན་མཁས་དབང་རྣམས་ཀྱི་འགྲེལ་པ་དང་གསུང་བཤད་ཆུ་ཚོད་ ༢༥༠༠༠ ལྷག་ཡོད།
༢༽གནའ་བོའི་སྲོལ་རྒྱུན་གྱི་བཟོ་རིག་སྒྱུ་རྩལ་དང་། འཆམ། རོལ་དབྱངས། དཀྱིལ་འཁོར་བཞེངས་སྟངས་ཀྱི་ལམ་སྲོལ་བཅས་བཅུག་པའི་འོད་སྡེར་གློག་བརྙན་ཆུ་ཚོད་ ༢༠༠༠ ལས་མང་བ།
༣༽ མི་སྣ་དང་། ས་གནས། སྨན་རྩྭ། དགོན་པའི་བྱེད་སྒོ། དེ་བཞིན་ཆོ་གའི་སྒྱུ་རྩལ་བཅས་ཀྱི་འདྲ་པར་ ༡༨༠༠༠ ལྷག་གི་ཕྱོགས་བསྡུས།
༤༽དྲ་རྒྱའི་ཐོག་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་སྦྱོང་བརྡར་བྱེད་ཐུབ་པའི་ཆ་རྐྱེན་ཐོག་མ་དེ་བསྐྲུན་ཡོད་པ་དང་། གཞན་ཡང་བོད་དང་། རྒྱ་གར། བལ་ཡུལ་ཁག་ཏུ་ཡོད་པའི་སྒྱུ་རྩལ་བ་གྲགས་ཆེན་སོགས་ཀྱིས་བཞེངས་པའི་ཐང་ཀའི་པར་རིས་སྤུད་ཚད་མཐོ་པོ་ཅན་ ༢༢༠༠ ལྷག་གི་དྲ་ཐོག་འགྲེམས་སྟོན་ཁང་ཞིག་ཀྱང་ཡོད་པ་མ་ཟད། འཛམ་གླིང་གི་འགྲེམ་སྟོན་ཁང་གྲགས་ཆེ་བ་རྣམས་ཀྱིས་ཉར་ཚགས་བྱས་པའི་དཔེར་འོས་ཀྱི་ཐང་ཀ་རྣམས་དྲ་རྒྱའི་ཐོག་གཟིགས་རྒྱུ་ཡོད།